khangey
khangey

西藏公共知识分子、媒体人、强调影响力的新人物。

འཁྲབ་སྟོན་གྱི་འདོད་རྔམ་ཆེ་བའི་བོད་རིགས་སྤྱི་ཚོགས།


ཁྱུང་གངས་རྒྱན་གྱིས་བྲིས། སྙིང་གོ་མས་རྒྱ་ཡིག་ལས་བསྒྱུར།

布达拉宫

 

གྲོགས་པོའི་ཚོམས་ཀྱི་གླེང་གཞི་གཙོ་བོ་དག་ཉིན་འགའི་བར་ནས་རྒྱུས་ཡོད་ཀྱི་ཚོར་སྣང་ཞིག་དང་འདྲ་བར་འཇབ་ནས་ཐོན་འོང་ལ། བྱེད་སྒོ་ག་གེ་མོ་དང་ལེགས་འདེམ་ལེ་ཚན་ཆ་གེ་མོ། རིག་གཞུང་བགྲོ་ཚོགས་ག་གེ་མོ་རུ་གྲགས་པའི་གནས་ཚུལ་རྣམས་གཅིག་རྗེས་གཉིས་མཐུད་དུ་གསར་འགྱུར་ཚ་ཤོས་སུ་གྱུར་ཡོད།

དྲ་ཚིགས་གང་རུང་རུང་ནས་བོད་ཞེས་པ་གནད་ཚིག་ཏུ་བཞག་ན། བཙལ་མ་ཐག་ངོམ་སྟོན་བརྙན་ཐུང་དང་དར་ཁྱབ་གླུ་གཞས་རྣམ་པ་སྣ་ཚོགས་ཀྱིས་མདུན་ངོས་ཁེངས་ཡོང་བས། ཕར་བལྟས་ན་ང་ཚོའི་རིག་གནས་ཀྱི་རྣམ་པ་འདི་ཙམ་དུ་ཟད་ལ་དོགས།

སྐད་འཕྲིན་སྤྱི་སྟེགས་སུANUཡི་གནས་ཚུལ་མདོར་བསྡུས་ཤིག་སྤེལ་ན། ཀློག་གྲངས་རྗེ་ཙོང་ཁ་བ་ཆེན་པོ་ལས་ཀྱང་ལྡབ་འགྱུར་དུ་མང་བར་འགྱུར།

ཉེ་བའི་ལོ་ཕྱེད་ལ་ཕྱིར་གཞིགས་བྱས་ན། ང་ཚོས་ཤེས་བཞིན་པའི་རྟིང་རྩལ་སྐད་གྲགས་ཅན་དང་ཚོ་ཤོག་གསར་བའི་ཁེ་ལས་པའི་ཚོགས་ཆེན། རིགས་དང་རྣམ་པ་མི་འདྲ་བའི་གློག་བརྙན་གྱི་གཟེངས་བསྟོད་བྱ་དགའི་ཚོགས་འདུ། རྗེ་ཙོང་ཁ་པའི་རིག་གཞུང་བགྲོ་ཚོགས། བོད་ཀྱི་སློབ་གསོའི་གླེང་སྟེགས། བོད་ཀྱི་བྱིས་སྐྱོང་སློབ་གསོའི་གླེང་སྟེགས། སློབ་གསོའི་གློག་བརྙན་འགྲེམ་གཏོང་མཛད་སྒོ། བོད་ཀྱི་མོ་ཐྲོལ་ཚོགས་པ་དང་། གཞན་གཉན་པོ་གཡུ་རྩེའི་སྣོད་བཅུད་སྲུང་སྐྱོང་ཚོགས་ཆེན། ལྷ་སའི་སློབ་ཆེན་མཐར་ཕྱིན་སློབ་མའི་ལས་སྐྲུན་ཚོགས་ཆེན་ལ་སོགས་བགྲང་གིས་མི་ལངས།

རེད་དེ། ང་ཚོས་འདིའི་སྐོར་ལ་དོན་ངོ་མས་བསྟོད་འོས་སམ།

དོན་དངོས་ཀྱི་གནས་ཚུལ་ནི་འདི་ལྟ་སྟེ། བོད་ཀྱི་སྤྱི་ཚོགས་སུ་རྒྱུགས་ཆེ་བའི་རོལ་མོའི་བརྙན་ཐུང་ལས་དོན་སྟོང་བའི་གླུ་ཚིག་སྐམ་པོ་དང་འུར་བསྟོད་ཀྱི་བཟོ་ལྟ། བཟོ་ལས་ཅན་གྱི་འགྲོ་རིམ་དང་མི་བརྒྱ་གཟུགས་གཅིག་ཏུ་སྣང་བའི་ཚུལ་མངོན་ལ། ད་དུང་ཚད་རིམ་མི་མཉམ་པའི་དམངས་བྱིངས་ཚོགས་འདུ་སོགས་ལས་མཚོན་པ་ནི་བསམ་གཞིགས་ལ་དགའ་བའི་གཏམ་བརྗོད་པ་དཀོན་ཞིང་། སྐད་གདངས་ཚད་ལས་བརྒལ་བའི་མདོ་འཛིན་དང་ཚད་ལྡན་གྱི་ཚོགས་འདུའི་བསྒྲུབས་རིམ། རིན་ཐང་སྤུ་ཙམ་ཡང་མེད་པའི་དགའ་རྟགས་སོགས་དང་། དཔེ་ཁང་གི་བོད་ཡིག་དཔེ་ཁྲི་ལས་བླ་སྤྲུལ་སོགས་ཀྱི་སྐུ་པར་གསལ་ཤོས་དཔེ་ཆའི་མདུན་ཤོག་ཏུ་བཀོད་ཅིང་། སྒྱུ་རྩལ་གྱི་མཛེས་ཉམས་ཅི་ཡང་མེད་པའི་སྙན་དེབ་དང་རྩོམ་རིག་དཔྱད་བརྗོད་དུ་གྲགས་པའི་ཅོལ་ཆུང་གཏིང་ཐུང་གི་བརྩམས་ཆོས། མ་ཟད་བློ་སྒོ་འབྱེད་པའི་རིགས་སུ་རང་བསྟོད་ཀྱིས་སྒྲོགས་པའི་དཔེ་དེབ་སྟེ། དོན་དུ་རྒྱ་ཡིག་ནས་རྩིང་ངེར་བསྒྱུར་ཡོང་བའི་གཞུང་ལ་ཞབས་མཆན་འགའ་དང་ངོ་སྤྲོད་ཡི་གེ་རྩེད་ཆས་བཞིན་བསྒྲིགས་པ་ཙམ་དུ་ཟད་པས། བལྟས་ཚོད་ལ་སེམས་ཤུགས་ཅི་ཡང་གཏོང་མི་དགོས་མོད། ད་རུང་ཧུར་ཐག་གིས་རང་ཉིད་ཡོད་མདོག་སྟོན་པ་ལྟར་རོ།།

རྩོམ་པ་པོ་ཞུས་ཀྲི་ཡོན་གྱིས་དམངས་ཁྲོད་ནས་སྒྲིག་འཛུགས་བྱས་པའི་སྐད་བརྡ་དང་བསམ་བློའི་སྐོར་གྱི་ལེ་ཚན་ཞིག་གི་སྟེང་དུ། ཀྲུང་གོ་ནི་དོན་གྱིས་སྟོང་ཞིང་ཚད་མཐོའི་འཁྲབ་སྟོན་རང་བཞིན་གྱི་དུས་རབས་ཤིག་ཏུ་སླེབས་ཡོད་ཅེས་ནན་གྱིས་བརྗོད་ཡོད་དེ། ངོམ་སྟོན་ནམ་རང་ཉིད་ཀྱི་བཀྲག་མདངས་ཕྱིར་སྟོན་པའི་ཆེད་དུ་མི་རྣམས་ཀྱིས་གང་དྲན་ལག་འགེལ་བྱེད་པ་དང་། དཔེར་ན་འདྲ་པར་མ་ཡག་ན་མཛེས་བྱེད་མཉེན་ཆས་སྤྱོད་ལ། པར་རིས་ཙམ་གྱིས་མི་ཚིམ་ན། ང་ཚོར་སྒེར་ཐོག་ནས་མངགས་བཟོ་བྱས་པའི་བཟོ་ལྟའི་ཁུག་མ་དང་འདར་སྒྲའི་བརྙན་ཐུང་ཡོད། ཚན་རིག་ལག་རྩལ་གྱིས་མི་རྣམས་ཀྱི་འཁྲབ་སྟོན་འདོད་སྲེད་ལ་རྒྱུག་ཚད་ཀྱི་རོགས་འདེགས་ཚ་ཤོས་དང་དོ་ཁུར་བྱེད་ཚད་འདོན་སྤྲོད་བྱས་པས། གཅིག་ཤོར་ཚེ་རྒྱ་འུབས་མི་འདུས་པའི་མི་རྣམས་ཀྱིས་སྟོང་སང་སང་གི་མགོ་བོ་འདྲུད་བཞིན་ཐ་ཤལ་རིག་གནས་ཀྱི་ཚང་མལ་དུ་གནས་སྡོད་མི་བྱེད་ཀ་མེད་ཡིན་ལ། དུས་མཚུངས་སུ་ཀུ་ཅོ་སྒྲོག་པར་མ་ཟད་ཤེས་མེད་ཚོར་མེད་ངང་ཕུལ་བྱུང་གི་རིག་གནས་འདེམས་ཀ་ལ་ངན་ཤུགས་ཐེབས་པ་ལགས། རང་ལ་ཆ་རྒྱུས་ལྡན་པའི་ཤེས་ལྡན་མི་སྣའི་ཁྲོད་དུའང་མི་འབོར་གྱིས་ད་རུང“རྐྱལ་སྟོང(屌丝ཨ་མདོ་ཡུལ་སྐད་དེ་ཡོན་ཏན་དང་ཕུགས་འདུན་མེད་པར་གང་བྱུང་བྱེད་མཁན། ཨ་སྡུག་ཀྱང་ཟེར)བྱས་ན་རྒྱལ་ཁམས་ཐོབ”པར་ཡིད་ཆེས་བརྟན་པོ་བཅངས་ནས། མ་སྐུལ་དང་ལེན་སྒོས་གྲོགས་དག་ལ“མ་འོངས་པ་ན་མི་རེ་རེར་སྐར་མ་ལྔའི་རིང་སྙན་གྲགས་རྒྱས་པའི་གོ་སྐབས་ལྡན་པ”ཞེས་སོགས་རྨོངས་རྟུལ་གྱི་རིན་ཐང་ལྟ་བས་ཕར་བཙོང་བྱེད།

སྔར་ལ་སྤྱི་ཚོགས་གང་ལྟར་ཡང་གོང་དུ་འཕེལ་བས། མི་ཚང་མ་རིག་གནས་སྒྲིག་འཛུགས་སུ་ཞུགས་ཐུབ་པའང་དོན་བཟང་ཞིག་ཡིན་པར་བསམ་མོད། ཡིན་ཡང་དེའི་རང་བཞིན་ལ་བསྙེག་ན། ང་ཚོས་ལྷག་ཏུ་འཁྲབ་སྟོན་གྱི་དྲི་ངད་ཅིག་རྩོལ་མེད་ངང་བསྣམས་འོང་། འོ་སྐོལ་ཚོ་རྣམ་པ་ལ་ཞེན་ཚད་ནང་དོན་ལས་ལྷག་ཅིང་ཤེས་དམན་ལ་དུངས་ཚད་གཟབ་ནན་ལས་མོད། ཕུལ་བྱུང་རིག་གནས་ཤུགས་རྐྱེན་གྱི་བར་སྟོང་ཕར་འཕྲོག་ཀྱང་ཁེངས་སྐྱུང་རིག་གནས་ཀྱི་སྲོལ་རྒྱུན་ཟད་ལ་ཉེ་བས། སྤྱི་ཚོགས་ལ་མྱོང་གོམས་ཅན་ཞིག་ཡིན་ཙ་ན། ང་ཚོས་འཁྲབ་སྟོན་རང་བཞིན་གྱི་བྱ་དངོས་ལ་ཤིན་ཏུ་དོགས་ཟོན་བྱ་དགོས་ཤིང་། གཞན་གྱི་ཉམས་མྱོང་ལས་ང་ཚོར་བསྟན་པ་ནི། གལ་སྲིད་འཁྲབ་སྟོན་རྒྱ་ཡན་དུ་གྱུར་ན། སྤྱང་གྲུང་ཅན་དང་གླེན་པ་གཉིས་ཀས་ཀྱང་ཉམས་ཞན་གྱི་བླུན་རྟགས་སྟོན་ངེས། སྲོལ་རྒྱུན་སྐད་ཆས་བསགས་པའི་དགེ་མཚན་ལས་བྱུང་བའི་སྟེང་། ཉེ་རབས་ཕྱོགས་བསྡུས་རིག་རྩལ་སྙན་བྱད་ཀྱིས་ངན་སྐུལ་བྱས་པར་བརྟེན། རང་རྐྱས་བསམ་བློ་མི་གཏོང་བའི་མི་འབོར་ཆེན་ལ་ལྟོ་གོས་ཐད་སེམས་ཁྲལ་མེད་པ་ནས་བཟུང་། འཛམ་གླིང་གི་ཡང་རྩེ་རུ་ཤེས་རྒོལ་གྱི་གར་སྟེགས་བཙུགས་ཤིང་། ཐ་ཤལ་གྱི་བཤད་སྦུབས་བཏེགས་ཏེ་འཁྲབ་སྟོན་དངོས་སུ་འགོ་བརྩམས་པ་རེད། སྤྱི་བྱིངས་སྙན་བྱད་ཀྱིས་སྦྲེལ་དྲ་ལ་ཚོད་འཛིན་བྱས་ཉིན་ནས། མི་སྒེར་གང་རུང་རྣམས་གཏམ་དབང་གི་བདག་པོ་རུ་གྱུར་པས། ཕར་བལྟས་ན་གཞུང་ཕྱོགས་བཅའ་ཁྲིམས་ཀྱི་བཀག་སྡོམ་མ་གཏོགས། རྗེས་དཔག་བསམ་གཞིགས་དང་བྲལ་བའི་གླེང་བྱ་གང་རུང་དང་། བསམ་བློ་མ་བཏང་ནའང་དང་ལེན་བྱས་པའི་རིག་གནས་རྫུས་མ་གང་རུང་། ར་སྤྲོད་ཅི་ཡང་མེད་པའི་ཚན་རིག་རྫུས་མ་གང་རུང་སྟེ། ཡོད་ཚད་ཀྱང་རྦ་རླབས་ཀྱི་རྣམ་པས་སྤྱི་ཚོགས་ཀྱི་གྲུ་ག་ཀུན་ཏུ་ཁྱབ་སྣང་།

སྐབས་ལ་ལར། ཁྱོད་ཀྱིས་གནད་དོན་ཡོད་དོ་ཅོག་གི་འབྱུང་རྩ་རིག་གནས་སྲོལ་རྒྱུན་དང་ཡང་ན་སློབ་གསོའི་འདུ་ཤེས་སུ་དྲངས་ཡོད་པར་སྣང་ཚེ། འཁྲབ་སྟོན་རང་བཞིན་གྱིས་ཁེངས་པ་དག་གིས་རེ་རེ་བཞིན་རྫོབ་གར་འཁྲབ་པས། ཁྱོད་ཀྱིས་ད་གཟོད་མི་ཆོས་སམ་སྤྱི་ཚོགས་ཀྱི་ཟུར་ངོས་ནས་རྟོག་ཞིབ་ཐེབས་པའི་གནད་དོན་དེ་དོན་དངོས་དང་རིང་དུ་གྱེས་ཡོད་པ་གཞི་ནས་རྟོགས། སྦྲེལ་དྲས་ཚད་ག་གེ་མོའི་སྟེང་ནས་རིག་གནས་ཀུན་རྫོབ་ཅན(འཇིག་རྟེན་པ)དུ་འགྱུར་བར་སྐུལ་འདེད་བྱས་ལ། མི་རེ་རེ་ནས་གཏམ་དབང་ལ་ཚོད་འཛིན་ཡོད་པས་ཀྱང་སྲ་ཚུགས་ཀྱི་སྟོབས་ཤུགས་ཤིག་ལྷག་ཏུ་མཚོན་ཡོད། ང་རང་བོད་ཀྱི་རིག་གནས་ནི་སྦྲེལ་དྲའི་དབང་གིས་འཕེལ་རྒྱས་ཀྱི་སྐབས་གླགས་གསར་བ་འཐོབ་པར་ཡིད་ཆེས་བརྟན་པོ་ཡོད་ཅིང་། དེའི་རྐྱེན་གྱིས་རང་ཉིད་ཀྱང་ཐབས་ཆག་གིས་བོད་ཡིག་གི་སྦྲེལ་དྲ་ལས་སྐྲུན་མཁན་ཞིག་ཏུ་གྱུར། འོན་ཏེ་ངས་ནམ་ཡང་དོན་སྟོང་གི”འཁྲབ་སྟོན”ཟེར་བ་ཚོང་གླགས་སུ་མི་བརྩི་ལ། སྤུན་ཟླ་ཚོའི་བླུན་པོའི་བྱ་བྱེད་ལའང་ཚད་ཐིག་མེད་པའི་སྒོ་ནས་རྒྱབ་སྐྱོབ་མི་བྱེད།

ང་ཚོ་དང་ཐོག་ཧ་ཅང་ཁེངས་སྐྱུང་ཡིན་ཏེ། སྲོལ་རྒྱུན་སྤྱི་ཚོགས་སུ་བཤེས་གཉེན་བརྩི་བའི་སྲོལ་མ་ཉམས་ཤིང་། མི་རྣམས་ཀྱིས་རང་གི་རིག་གནས་ལ་བཞག་པའི་བྱས་རྗེས་ཤིན་ཏུ་ཉམས་དམའ་བས། གང་གི་ཕྱིར་སྐྱ་ཟད་སྔོ་གཏུགས་ཀྱི་ལོ་རབས་སུ། སྤུན་ཟླ་ཚོའི་འཁྲབ་སྟོན་གྱི་འདོད་སྲེད་འདི་ལྟར་མེ་བཞིན་མཆེད་པ་ཡིན་ནམ། ངས་ཤེས་ལྡན་མི་སྣའམ་བསམ་བློ་ཅན་ལ་བརྗོད་སྟོན་གྱི་འདོད་བློ་ལྡན་པར་གོ་བ་ལོན་ནའང་། དོན་ངོ་མ་ནི་རིགས་པས་བསམ་གཞིགས་ཅན་གྱི་སྐད་ཆ་ལ་མཐའ་གཅིག་ཏུ་སྣང་མེད་བྱེད་ཀྱང་། ཚད་མཐའ་མེད་པའི་ངོམ་སྟོན་གྱི་བྱ་སྤྱོད་ལ་རྗེས་སུ་བསྙེག་པས། ཅི་འདྲའི་མདོ་ལུང་མེད་པའི་འཇིག་རྟེན་ཞིག་རེད་ཨང་། སྦྲེལ་དྲའི་རིག་གནས་ཀྱི་དུས་རབས་རྒྱབ་ལྗོངས་ཁྲོད། བོད་མི་རེ་རེས་རང་ཉིད་ཀྱི་བསིངས་ཟགས་མ་བརྒྱུད་པའི་ཉམས་ཞན་བསམ་བློ་ལ་བརྟེན་ནས། འདྲ་མིན་ཅི་རིགས་ཀྱི་འཁྲབ་སྟོན་རྣམ་པས་འུར་ཤོམ་ཅན་དུ་རློན་པའི་ཤ་ཚུགས་དེ་རྒྱུན་འཁྱོངས་བྱེད་པ་ཡིན།

གློག་བརྙན་ཕབ་པའི་འཇོན་ཐང་དང་ལས་སྐྲུན་གྱི་འཇོན་ཐང་། སྐད་ཆའི་རྣམ་དཔྱོད་སོགས་ནི་བརྩམས་ཆོས་གསར་རྩོམ་གྱི་བསོད་ནམས་སུ་འགྱུར་དགོས་པ་ལས། ཐུན་མོང་ནས་རྨོངས་བྱིངས་འཁྲབ་སྟོན་གྱི་དོང་དུ་ལྷུང་ག་ལ་རུང་། གལ་སྲིད་གོ་ལ་ཧྲིལ་བོའི་མིག་རྒྱང་གིས་བོད་ཀྱི་སྤྱི་ཚོགས་ལ་ལྟ་བ་དང་། སྤྱི་ཁོགས་ཀྱི་མཐོང་ཟུར་ནས་རང་སྟེང་ལ་གཞིགས་ན། ང་ཚོར་རྒྱ་ཁབ་ཀྱི་རྩེ་མོ་ལྟ་བུའི་གྲུབ་འབྲས་ཕྲན་བུ་ལོན་པ་ལ་དགའ་ཞིང་མྱོས་དགོས་པའི་ཐོབ་ཐང་ཅི་ལ་ཡོད། དེར་མ་ཟད་ཁྲོན་ནང་གི་སྦལ་བའི་ཚུལ་གྱིས་རང་སེམས་རང་གིས་བཟི་དོན་ཡང་ག་ལ་ཡོད། རྒྱལ་ཁབ་དང་མི་རིགས་གཞན་དག་འཕེལ་རྒྱས་བླ་ལྷག་འགྲོ་བའི་གོམ་འགྲོས་ལ་དམིགས་ན། ང་ཚོ་ད་དུང་རང་བསྟོད་རང་མྱོས་ཙམ་གྱིས་ཡིད་ཚིམ་ན་ཅི་ལ་རུང་།

དོན་དངོས་སུ་བོད་རིགས་ནི་སྦྲེལ་དྲའི་དུས་རབས་ཀྱི་ངག་ལྐུགས་ཚོགས་ཁྱུ་ཡིན་པའི་དབང་གིས། ལག་ཐོག་གི་འཁྲབ་སྟོན་བཞག་སྟེ་གློག་བརྙན་མང་བོར་བོད་ཡིག་མིང་བརྡས་ཁ་བསྐོང་བྱེད་དགོས་པ་དང་། ཤེས་བྱ་ཀུན་འདུས་ཀྱི་བོད་ཡིག་མིང་བརྡ་འབོར་ཆེན་འཐུས་ཚང་དུ་གཏོང་དགོས་པ། ཚན་རྩལ་བརྡ་ཆད་མང་པོ་བཀས་བཅད་བྱེད་དགོས་པ། བོད་ཡིག་གི་སྲོལ་རྒྱུན་གནའ་གཞུང་འབོར་ཆེན་གློག་རྡུལ་ཅན་དུ་བསྒྱུར་དགོས་པ། གཅིག་རྗེས་གཉིས་མཐུད་ཀྱི་སྤྱི་ཚོགས་གནད་དོན་ལ་ཡང་བསྐྱར་ཞིབ་ལྟ་བྱེད་དགོས་པ་སོགས། ཐ་ན་མདོ་མེད་ཀྱི་ཚོང་ལས་ཁོར་ཡུག་ཐམས་ཅད་ལའང་སྤུན་ཟླ་རྣམས་ཞུགས་དགོས་པར་སྙམ……

ཡིན་ཡང་གལ་ཏེ་བླུན་རྨོངས་ཀྱི་འཁྲབ་སྟོན་འདོད་བློས་བོད་པའི་སྤྱི་ཚོགས་ཡོངས་ཀྱི་མཉམ་འཇོག་ས་བཙན་གྱིས་ཁྱེར་ན། ང་ཚོར་རང་རེའི་ངག་ལྐུགས་ཀྱི་རྣམ་པ་ལེགས་སྒྱུར་བྱེད་པའི་་ལུས་སྟོབས་ལྷག་མ་ཅི་ཞིག་ཡོད་དམ།

 གངས་རྒྱན་ནས། 2019ལོའི་ལོ་སྟོད་ལ་སྤེལ།

སྙིང་གོ་མའམ་སྙིང་མོ་མཚོ་ནི་མཚོ་སྔོན་བྲག་དཀར་རྫོང་དུ་སྐྱེས། སྔ་ཕྱིར་སློབ་གྲྭ་ཆུང་འབྲིང་རིམ་གྱིས་འགྲིམ་མགོ་བརྩམས། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་དུ་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཆེད་ལས་ལ་སློབ་གཉེར་བྱས་ཤིང་། ཀྲུང་གོའི་སྨྱན་སྦྱོར་སློབ་གྲྭ་ཆེན་མོའི་སྙན་སྒྲོན་མདོ་འཛིན་སྒྱུ་རྩལ་སློབ་གླིང་དུ་སྙན་སྒྲོན་མདོ་འཛིན་གྱི་ཆེད་ལས་ལ་སློབ་གཉེར་བྱས། བྱ་བའི་ལས་གནས་སྟེང་ཞུགས་པ་ནས་བཟུང་སྟེ །སྙན་སྒྲོན་དང་ལོ་ཙཱའི་བྱ་བ་གཅིག་ལྕོགས་སུ་སྒྲུབ་བཞིན་ཡོད།
CC BY-NC-ND 2.0 版权声明

喜欢我的文章吗?
别忘了给点支持与赞赏,让我知道创作的路上有你陪伴。

加载中…

发布评论